༄༅། །སསྟི། རྒྱལ་བ་ཀུན་གྱི་བདག་པོ་རྡོ་རྗེ་འཆང། །ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་ རོལ་ཏེ། །རྒྱལ་བའི་མཛད་པ་མཐའ་དག་བསྒྲུབ་མཛད་པའི། །བཀའ་དྲིན་མཉམ་མེད་དེ་ལ་ཕྱག་འཚལ་ཏེ། །བླ་མེད་བྱང་ཆུབ་བསྒྲུབ་པར་མ་ཟད་ཀྱི། །འཁོར་བའི་སྡུག་བསྔལ་ཙམ་ལས་ཐར་འདོད་ཀྱང། །མེད་དུ་མི་རུང་ ཞི་བའི་སྒོ་གཅིག་པུ། །ཟབ་མོའི་ལྟ་བ་མདོར་བསྡུས་བཤད་པར་བྱ། །འདིར་ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་ལེན་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། མདུན་གྱི་ནམ་མཁར། རྗེ་བཙུན་འཇམ་དབྱངས་དང། རྗེ་ བླ་མ་ངོ་བོ་དབྱེར་མེད་པར་གསལ་བ་ལ། ལྟ་ཁྲིད་བརྒྱུད་པའི་བླ་མ་དང། སངས་རྒྱས་བྱང་སེམས་ཐམས་ཅད་བསྟིམ། ཡན་ལག་བདུན་པའི་སྒོ་ནས་ཚོགས་བསག་དབུ་མའི་ལྟ་བ་རྣམ་པར་དག་པ་རྒྱུད་ལ་སྐྱེ་ བའི་གསོལ་བ་ཤུགས་དྲག་ཏུ་འདེབས། དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བའི་ཚུལ་བསམས་ཏེ། དལ་འབྱོར་ལ་སྙིང་པོ་ལེན་འདོད་བསྐྱེད། དེ་ཡང་རང་དོན་ཙམ་བསྒྲུབ་པ་ནི་དུད་འགྲོ་ལ་ཡང་ཡོད་པས། མར་གྱུར་ སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ། དེ་རྣམས་ཀྱི་དོན་ཡང་ཉི་ཚེ་བ་ཙམ་མ་ཡིན་པར། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད། དེ་ལ་ཐོག་མར་རང་ཉིད་ཀྱིས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན། སེམས་ཅན་ [225B] སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་ཟབ་མོ་དབུ་མའི་ལྟ་བ་ཉམས་སུ་བླང་བར་བྱའོ་སྙམ་དུ་བསམ། དེས་ན་འདི་ལ་གསུམ། དགག་བྱ་ངོས་བཟུང། དེ་རིགས་པས་ འགོག་ཚུལ། བཀག་པའི་དོན་བསྒོམ་ཚུལ་ལོ། །དང་པོ་ནི། དཔེར་ན། རྨི་ལམ་དུ་རྟ་དང་གླང་པོ་དོན་ལ་མ་གྲུབ་བཞིན་དུ་བློའི་སྣང་བ་ཙམ་ཡིན་པའི་སྣང་བ་མི་འཆར་བར། རྟ་དང་གླང་པོ་དང་པོ་ནས་གོ་ས་མནན་ནས་ ཡོད་ཡོད་པ་ཞིག་རང་གི་བློ་ལ་ཚུར་སྣང་བྱུང་བའི་ཉམས་སྣང་འཆར་བ་བཞིན་དུ། སད་དུས་སུ་ཡང་ཆོས་ཅི་འདྲ་ཞིག་བློ་ལ་འཆར་ཡང། ཐ་མལ་པའི་གཉིད་ཀྱིས་མ་བསླད་ཅིང། གཉིད་སང་བའི་སྐབས་ཡིན་ ཡང། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་མ་རིག་པའི་གཉིད་ལོག་བཞིན་པའི་སྐབས་ཡིན་པས། བློའི་སྣང་བ་ཙམ་ཡིན་པའི་སྣང་བ་མི་འཆར་བར། དང་པོ་ནས་དོན་གྱི་སྟེང་ན་ཡོད་ཡོད་པ་འདྲ་བ་ཞིག་བློ་ལ་ འཆར་བ་ནི། དགག་བྱའི་འཆར་ཚུལ་ཡིན་ཞིང། བློའི་ངོར་སྣང་ཙམ་མ་ཡིན་པར་དོན་གྱི་སྟེང་ནས་གྲུབ་པ་ཞིག་བྱུང་ན་དེ་དགག་བྱའི་ཚད་ཀྱང་ཡིན་ནོ། །འོ་ན་དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཀྱང། བློའི་དབང་གིས་བཞག་ པ་མ་ཡིན་པའི་ཡོད་པ་ལ་དགག་བྱའི་ཚད་དུ་བྱེད་པས། དགག་བྱ་ལ་ཕྲ་རགས་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཁོ་བོ་ཅག་ནི། ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། རྣམ་པར་ཤེས་ [226A]༄༅། །པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་སྤྱིར་གང་ཟག་ལ་གདགས་གཞི་ཕུང་པོ་ལྔ་ཡོད་ཀྱང། བདག་ཁས་བླངས་པའི་དགོས་པ་སྐྱེ་བ་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་ མར་འགྲོ་བ་སོགས་ཡིད་ཀྱི་རྣམ་པར་ཤེས་པས་བྱེད་པས་ཡིད་ཀྱི་རྣམ་ཤེས་བདག་གི་མཚན་གཞི་ཡིན་ཅེས་གདགས་གཞིའི་ངོས་ནས་འཇོག་དེ་བཞིན་དུ་བུམ་པ་ལ་གདགས་གཞི་རྡུལ་རྫས་བརྒྱད་ཡོད་ཀྱང་ ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་ཁྱད་ཆོས་དེ་བུམ་པའི་གཟུགས་ལ་ཚང་བས། བུམ་པའི་གཟུགས་ལ་བུམ་པ་ཞེས་གདགས་གཞིའི་གསེབ་ནས་བུམ་པར་འཇོག་དབུ་མ་ཐལ་འགྱུར་བ་ གདགས་གཞིའི་གསེབ་ནས་ཡ་གྱལ་དང། ཚོགས་པ་གང་ཡང་བུམ་པར་འཇོག་རྒྱུ་མེད་ཅིང། རྨི་ལམ་ན་རྟ་གླང་བློ་ལ་སྣང་ཙམ་མ་གཏོགས་ཡུལ་སྟེང་ནས་མེད་པར་མ་ཟད། རྟ་གླང་གི་གདགས་གཞི་ཡན་ ལག་ལྔ་ལ་སོགས་པའང་བློ་ལ་སྣང་བ་ཁོ་ན་ཡིན་གྱི། ཡུལ་གྱི་སྟེང་ནས་མེད་པ་བཞིན་དུ། སད་དུས་ཀྱི་གང་ཟག་དང། བུམ་པ་སོགས་ཀྱང་བློ་ལ་སྣང་ཙམ་རྐྱང་པ་མ་གཏོགས་ཡུལ་གྱི་སྟེང་ནས་མེད་པ་ ལྟར། དེ་རྣམས་ཀྱི་གདགས་གཞི་ཡན་ལག་ལྔ་དང། རྡུལ་རྫས་བརྒྱད་ལ་སོགས་པའང། བློ་ལ་སྣང་ཙམ་ཁོ་ན་མ་གཏོགས་ཡུལ་གྱི་སྟེང་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པར་བཞེད་པའི་ཕྱིར། ཁོ་ན་རེ་ [226B] སད་དུས་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པར་བཤད་པ་མི་འཐད་དེ། རྨི་ལམ་གྱི་རྟ་གླང་སོགས་ཀྱིས་རྟ་གླང་གི་གོ་མི་ཆོད། སང་དུས་ཀྱི་རྟ་གླང་གིས་དེའི་གོ་ཆོད་པའི་ཕྱིར། ཞེ་ན་སྐྱོན་ མེད་དེ། དེ་ལྟར་འབྱུང་བ་ནི། དེ་གཉིས་ལ་ཡུལ་སྟེང་ནས་རྟ་གླང་ཡོད་མེད་ཀྱི་ཁྱད་ཡོད་པའི་དབང་གིས་མ་ཡིན་གྱི། གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཞེས་དབུ་མ་ཐལ་འགྱུར་ བའི་ཐ་སྙད་ཀྱི་འཇོག་ལུགས། འཇིག་རྟེན་གྱི་ཐ་སྙད་ལ་རྨི་ལམ་གྱི་རྟ་གླང་ལ་རྟ་གླང་དུ་མ་གྲགས། སད་དུས་ཀྱི་རྟ་གླང་ལ་རྟ་གླང་དུ་གྲགས་པའི་དབང་གིས་ཡིན་པའི་ཕྱིར། གཉིས་པ་དགག་བྱ་དེ་རིགས་པས་འགོག་ ཚུལ་ལ། གཅིག་དུ་བྲལ་ལ་བརྟེན་ནས་འགོག་ཚུལ་དང། རྟེན་འབྲེལ་གྱི་རིགས་པ་ལ་བརྟེན་ནས་འགོག་ཚུལ་གཉིས་བརྗོད་པར་བྱ་སྟེ། དབུ་མ་འཇུག་པར་ཆོས་ཀྱི་བདག་མེད་བསྒྲུབ་པ་ལ། མཐའ་བཞི་སྐྱེ་ འགོག་གི་རིགས་པ་དང། གང་ཟག་གི་བདག་མེད་བསྒྲུབ་པ་ལ་རྣམ་བདུན་གྱི་རིགས་པ་གཙོ་བོར་གསུངས་ཤིང། དེ་གཉིས་ཀའི་རྩ་བ་གཅིག་དུ་བྲལ་གྱི་རིགས་པ་ལ་ཐུག་པ་དང། དེ་ཡང་རྟེན་འབྲེལ་གྱི་རིགས་ པ་ལ་ཐུག་པར་གསུངས་པའི་ཕྱིར། དེའི་དང་པོ་ལ། སྤྱིར་བུམ་པ་ལྟ་བུ་བློ་ཡུལ་དུ་འཆར་བ་ན། གཅིག་དང་དུ་མ་གང་རུང་དུ་འཆར་བའི་ངེས་པ་མེད་ཀྱང། བུམ་པ་ལྟ་བུ་བློ་ཡུལ་དུ་ཤར་བའི་རྗེས་སུ། ཟླ་བོ་ཡོད་ [227A]༄༅། །དམ་མེད་སྙམ་དུ་དཔྱད་པའི་ཚེ། ཟླ་བཅས་བློ་ངོར་གྲུབ་ན་བླ་མེད་བློ་དོར་ཁེགས་དགོས་པར་མ་ཟད། དེ་གཉིས་པོ་གཅིག་བློ་ངོར་ཁེགས་ན། ཅིག་ཤོས་བློ་ངོར་གྲུབ་དགོས་པས། དོན་ དང་བློ་ངོ་གང་ལ་བལྟོས་ཀྱང་ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་པས་ཁྱབ་ལ། དེ་ཁྱབ་ན། བདེན་པར་གྲུབ་ན་བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་ཡིན་པས་ཁྱབ་དགོས་པས། ངའམ་གང་ཟག་ལྟ་བུ་ གདགས་གཞི་ཕུང་པོ་ལྔའམ། ཁམས་དྲུག་ལྟ་བུའི་སྟེང་དུ་བདེན་པར་གྲུབ་ན། གདགས་གཞི་ཚན་པ་གཉིས་པོ་དེ་དང། ཡང་ན་བདེན་གྲུབ་ཀྱི་གཅིག་ཡང་ན་བདེན་གྲུབ་ཀྱི་ཐ་དད་གང་རུང་ལས་མི་འདའ་ལ་ ཚན་པ་གཉིས་པོ་དེ་དང་བདེན་གྲུབ་ཀྱི་གཅིག་ཡིན་ན། ཕུང་པོ་ལྔ་དང། ཁམས་དྲུག་ང་འམ་བདག་ཡིན་དགོས། དེ་ཡིན་ན། ཕུང་པོ་ལྔ་ཡོད་པ་བཞིན་དུ་བདག་ལྔ་དང། ཁམས་དྲུག་ཡོད་པ་བཞིན་དུ་བདག་ཀྱང་ དྲུག་ཡོད་པར་འགྱུར་བ་སོགས་དང། བདེན་གྲུབ་ཀྱི་ཐ་དད་ཡིན་ན། དཔེར་ན། བྱམས་པ་དང་ཉེར་སྦས་ངོ་བོ་ཐ་དད་ཡིན་པས་བྱམས་པ་ལས་ལོགས་སུ་ཉེར་སྦས་བློས་བཟུང་དུ་ཡོད་པ་བཞིན་དུ། ཕུང་པོ་ལྔ་དང་ ཁམས་དྲུག་སོ་སོར་བསལ་བའི་རྗེས་སུ་ཡང། ངའམ་གང་ཟག་བློས་བཟུང་དུ་ཡོད་པར་འགྱུར་དགོས་པ་ལས། དེ་ལྟར་བློས་བཟུང་དུ་མི་འདུག་པས། ང་འམ་བདག་ཅེས་པ་གདགས་གཞི་ཕུང་པོ་ལྔ་དང། ཁམས་ [227B] རྟོག་པའམ་བློས་བཏགས་པ་ཁོ་ན་ཡིན་གྱི། ཡུལ་གྱི་སྟེང་ནས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་བསམ་མོ། །ཁོ་ན་རེ། དེ་ལྟར་གདགས་གཞི་ཕུང་པོ་དང་ཁམས་ཀྱི་སྟེང་དུ་ང་འམ་ བདག་རང་བཞིན་གྱིས་གྲུབ་པ་བཀག་མོད། ད་དུང་གདགས་གཞི་ཕུང་པོ་དང་ཁམས་རྣམས་རང་བཞིན་གྱིས་གྲུབ་པ་བློ་ངོ་ན་མ་ཡལ་བར་འདུག་པས། ཁྱོད་ཀྱི་ལྟ་བ་དེ་བློས་བྱས་ཀྱི་དགག་བྱ་བཀག་པ་ཙམ་དུ་སོང་གི་ལྷན་ སྐྱེས་ཀྱི་འཛིན་ཚུལ་ལ་ཅུང་ཟད་ཀྱང་མི་གནོད་དོ། །ཞེ་ན་སྐྱོན་མེད་དེ། གང་ཟག་ཕུང་པོ་དང་ཁམས་ཚོགས་ཙམ་ལ་བཏགས་པ་བཞིན་དུ། ཕུང་པོ་དང་ཁམས་དེ་རྣམས་ཀྱང་རང་རང་གི་ཆ་ཤས་ཚོགས་ཙམ་ལ་ བཏགས། ཆ་ཤས་དེ་རྣམས་ཀྱང་རང་རང་གི་ཆ་ཤས་ཚོགས་ཙམ་ལ་བཏགས་པ་ཡིན་པས། རང་རང་གི་ཆ་ཤས་དེ་རྣམས་ཀྱི་སྟེང་དུ་བདེན་པར་གྲུབ་ན། དེ་རྣམས་ཀྱང་བདེན་གྲུབ་ཀྱི་གཅིག་དང་ཐ་དད་གང་རུང་ ལས་མ་འདའ། དེ་གཉིས་གང་ཡིན་ཡང་སྔར་བཤད་པ་ལྟར་གྱི་སྐྱོན་དུ་འགྱུར་བའི་རིགས་པས་ཁེགས་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང། ཞེས་པས་གང་ཟག་རང་བཞིན་གྱིས་གྲུབ་པ་འགོག་ཚུལ་དང། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ [228A]༄༅། །ནི་རེ་རེ་ཡང། །འདུས་ཕྱིར་ཡང་དག་ཉིད་དུ་མིན། ཞེས་པས། སྔར་གྱི་རིགས་པ་གདགས་གཞི་ཕུང་ཁམས་ཀྱི་སྟེང་དུ་ཁ་སྤོ་ཚུལ་བསྟན་པ་ལྟར་བསམ་པར་བྱ་བ་ཡིན་པའི་ཕྱིར། འདིར་ ཡང། རྨི་ལམ་ན་གདགས་གཞི་བཏགས་ཆོས་སྣང་བའི་ཚེ། བཏགས་ཆོས་ཡུལ་གྱི་སྟེང་ནས་མ་གྲུབ་པ་བཞིན་དུ། གདགས་གཞི་ཡང་ཡུལ་སྟེང་ནས་མ་གྲུབ་པ་དཔེར་བླངས་ཏེ། དཔེའི་སྟེང་ནས་བསྒོམ་ པ་ཉིད་ལས་དང་པོ་པ་ལ་གནད་ཆེའོ། །གཉིས་པ་རྟེན་འབྲེལ་གྱི་རིགས་པ་ལ་བརྟེན་ནས་འགོག་པ་ལ། དོགས་པ་ཅུང་ཟད་བཅད་པ་དང། འགོག་ཚུལ་དངོས་གཉིས་ཀྱི་དང་པོ་ནི། མཁས་གྲུབ་ནོར་བཟང་རྒྱ་ མཚོ་གཞི་གྲུབ་ན་འདུས་བྱས་ཡིན་པས་ཁྱབ་པར་བཞེད་ལ། དེ་ལ་ད་ལྟའི་མཚན་ཉིད་པ་རྒན་གཞོན་ཐམས་ཅད་ཀྱིས་དགག་བཞག་བྱེད་མོད། ཁོང་གི་བཞེད་པ་ནི། གཞི་གྲུབ་ན་འདུས་བྱས་ཡིན་པས་ ཁྱབ་པར་ཐལ། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ། རྟེན་འབྲེལ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྩ་ཤེ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་ མ་ཡིན་པ། ཞེས་སོགས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་ཡོངས་ཤེས་ནས། །མཐར་ལྟ་བ་ལ་བརྟེན་པར་ཡང་མི་བྱེད། །རྒྱུ་དང་བཅས་ཤིང་ [228B] །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། ཞེས་པའི་རྐང་པ་ཕྱི་མ་གཉིས་ཀྱི་དོན་གྲུབ་པའི་ཕྱིར། འོ་ན་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་དོན། མྱུ་གུ་དེ་ས་བོན་དང་ཆུ་ལུད་ སོགས་ལས་འབྱུང་བ་ལྟ་བུ་ལ་བྱེད་དམ་ཞེ་ན། དེ་ཡང། གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ཐུན་མོང་བའི་རྟེན་འབྲེལ་གྱི་དོན་ཡིན་མོད་ཀྱི། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དོན་ནི། རང་འདོགས་བྱེད་ཀྱི་རྟོག་པ་ལྟ་ བུའི་བློ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་ བཞག་པ་ཡིན། ཞེས་ཆོས་ཐམས་ཅད་རྟོག་པས་བཞག་པའམ། རྟོག་པས་བསྐྱེད་པ་ཡིན་གྱི། རྟོག་པ་ལས་གཞན་པའི་བྱེད་པོའམ། རྒྱུ་གཞན་མེད་པར་གསུངས་པའི་ཕྱིར་དང། བཞི་བརྒྱ་པའི་འགྲེལ་པ་ལས་ ཀྱང། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། ཞེས་ཆོས་ཐམས་ཅད་རྟོག་པས་མཚོན་པའི་རང་འདོགས་བྱེད་ཀྱི་བློ་ཡོད་ན་ཡོད་ལ། མེད་ན་མེད་པའི་རྗེས་སུ་འགྲོ་ལྡོག་ བྱེད་པར་གསུངས་པའི་ཕྱིར། རྟགས་ཕྱི་མ་དེ་ལ་བརྟེན་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་ལས། གང་ཡོད་ཉིད་ན་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུར་རབ་ཏུ་བརྗོད་ [229A]༄༅། །ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། ཞེས་རྟོག་པ་ལས་གཞན་པའི་རྒྱུ་མེད་པར་བཤད་པ་མི་འཐད་པར་ཐལ། ས་བོན་དང་ཆུ་ལུད་སོགས་མྱུ་ གུའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ནི་ས་བོན་དང་ཆུ་ལུད་འཛིན་པའི་རྟོག་པ་ལས། མྱུ་གུ་འཛིན་པའི་རྟོག་པ་སྐྱེ་བའི་སྒོ་ནས་ས་བོན་དང་ཆུ་ལུད་འཛིན་པའི་རྟོག་པ་དེ། ས་བོན་དང་ཆུ་ལུད་དངོས་སུ་སྤྲུལ་ བྱེད་དང། མྱུ་གུ་རྒྱུད་ནས་སྤྲུལ་བྱེད་དུ་སོང་བ་ཙམ་ལ་འཇོག་པའི་ཕྱིར་ཏེ། དཔེར་ན། ཚད་མའི་གཞུང་ལས། དེ་ལའང་དུ་བར་སྣང་བའི་བློས། །བག་ཆགས་གསལ་བར་སད་པ་ཅན། །མར་མེ་སྣང་བའི་བློ་ཉིད་ནི།། རྟོགས་ཀྱི་མེ་ཉིད་མ་ཡིན་ནོ། །ཞེས་སེམས་ཙམ་པའི་ལུགས་ལ། །དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་པར་རྟོགས་པ་ནི། དུར་སྣང་གི་བློས་བག་ཆགས་སད་བྱེད་ཀྱི་རྐྱེན་བྱས་པ་ལ་བརྟེན་ནས། མེར་སྣང་གི་ བློ་སྐྱེས་པ་ཙམ་ལ་བྱེད་པ་ཡིན་གྱི། ཕྱི་རོལ་དོན་དུ་གྱུར་པའི་དུ་བའི་རྟགས་ལས། ཕྱི་རོལ་དོན་དུ་གྱུར་པའི་མེ་རྟོགས་པ་མ་ཡིན་པར་བཞེད་པ་དང་དོན་འདྲ་ཞིང། རྩ་ཤེ་ལས། དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག་སྤྲུལ་ པར་མཛད་པ་དེ་བཞིན་ནོ། །ཞེས་པའི་དོན་ཡིན་པར་བཞེད་པས། ཕྱོགས་སྔ་མའི་འབེམ་མ་མཐོང་བར། དགག་བཞག་གི་མདའ་མ་འཕེན་ཅིག་གཉིས་པ་འགོག་ཚུལ་དངོས་ནི། ད་ལྟ་འཇིག་རྟེན་ན་རྟ་གླང་གི་བུ་ནི་དང་ [229B] ཕྱིས་རྒྱུ་རྐྱེན་གཞན་ལ་བརྟེན་ནས་རྟ་གླང་དུ་སྣང་བ་མིན་པས། དེའི་སྟེང་དུ་རྟ་གླང་ངོ་བོ་ཉིད་ཀྱིས་གྲུབ། སྒྱུ་མའི་རྟ་གླང་སོགས་ནི་སྔགས་དང་རྫས་ལ་སོགས་པའི་རྐྱེན་གཞན་ལ་བརྟེན་ནས་སྣང་ བ་ཙམ་ཡིན་པས། སྒྱུ་མའི་རྟ་གླང་ངོ་བོ་ཉིད་ཀྱིས་མ་གྲུབ་ཅེས་འདོད་པའི་གཞན་གྲགས་ཀྱི་དཔེ་ལ་བརྟེན་ནས་ངོ་བོ་ཉིད་ཀྱིས་གྲུབ་ན། རྒྱུ་རྐྱེན་གཞན་ལ་བལྟོས་པ་མི་འཐད་ཅེས། ཁྱབ་པ་ངེས་པར་བྱས་ཏེ། ཕྱོགས་ ཆོས་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་རྐྱེན་གཞན་ལ་བརྟེན་ནས་སྐྱེས་པ་ལྟ་བུར་ཡོད་པ་དྲན་པར་བྱས་ཏེ། ཚུལ་གསུམ་ཅིག་ཅར་དུ་དྲན་པའི་ནུས་པ་ལ་བརྟེན་ནས། ཕྱི་ནང་གི་དངོས་པོ་རྣམས་ནི། རྨི་ལམ་གྱི་ཡུལ་ལྟར་བློ་ ལ་སྣང་ཙམ་ཁོ་ན་ཡིན་གྱི། ཡུལ་སྟེང་ནས་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་དུ་དྲན་པར་བྱའོ། །འོ་ན་རྒྱུ་རྐྱེན་ལ་བལྟོས་པའི་རྟགས་ལས། དངོས་པོ་བདེན་མེད་དུ་བསྒྲུབ་པའི་ཚེ། རྒྱུ་རྐྱེན་ལ་བལྟོས་ཚུལ་ཐུན་མོང་བ་ དེ་རྟགས་སུ་འགོད་པ་ཡིན་ནམ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་བལྟོས་ཚུལ་དེ་རྟགས་སུ་འགོད་པ་ཡིན་ཞེ་ན། འདི་ལ་སྐབས་གཉིས་ཡོད་དེ། དངོས་སྨྲ་བའི་གྲུབ་མཐའ་ལས་མ་ལོག་ཅིང། གྲུབ་མཐའ་ དེ་བདེན་ཞེན་གྱིས་ཁས་ལེན་པའི་ཚེ། ཐུན་མོང་བའི་རྟེན་འབྲེལ་རྟགས་སུ་འགོད། དངོས་སྨྲ་བའི་གྲུབ་མཐའ་དོར་ཏེ། ཕྱི་རྒོལ་ཡང་དག་ཏུ་གྱུར་པའི་སྐབས་སུ་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་ཏེ། རྟགས་སུ་འགོད་པའི་ [230A]༄༅། །ཕྱིར། འོ་ན་དེ་འདྲ་བའི་ཕྱི་རྒོལ་ཡང་དག་དེས། ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་དོན་བློས་བཏགས་ཙམ་དང། བློས་བསྐྱེད་ཙམ་ཞེས་པའི་ཙམ་སྒྲའི་དོན་གོ་ཟིན་པས། ཡུལ་གྱི་སྟེང་ ནས་མེད་པའང་གོ་ཟིན་པ་དེ་ལ། རྟགས་འགོད་མི་དགོས་པར་འགྱུར་རོ། །ཞེ་ན་སྐྱོན་མེད་དེ། དོན་གྲུབ་ཟིན་ཡང། ཐ་སྙད་བསྒྲུབ་དགོས་པའི་ཕྱིར་ཏེ། དཔེར་ན་གཅིག་དུ་བྲལ་གྱི་རྟགས་ལ་བརྟེན་ནས། མྱུ་གུ་ བདེན་མེད་དུ་བསྒྲུབ་པ་དེ། ཐ་སྙད་འབའ་ཞིག་བསྒྲུབ་པ་ཡིན་པར་དབུ་མ་རྒྱན་གྱི་རང་འགྲེལ་ལས་བཤད་པ་ཡིན་པའི་ཕྱིར། གསུམ་པ་བཀག་པའི་དོན་བསྒོམ་པའི་ཚུལ་ནི། དེ་ལྟར་ཐོས་བསམ་གྱིས་ལེགས་པར་ གཏན་ལ་ཕེབས་ཟིན་པའི་རྗེས་སུ། དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ་པས། སྔོན་འགྲོའི་ཆོས་སྐོར་རྣམས་བཤར་བསྒོམ་གྱི་ཚུལ་དུ་སྔོན་དུ་བཏང། ཁྱད་པར་རྩ་བའི་བླ་མ་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ དེའི་རིགས་བདག་གི་ཚུལ་དུ་རྒྱལ་བ་རྡོ་རྗེ་འཆང། འཇམ་དབྱངས་ཀྱི་ཐུགས་ཀར་རྗེ་བླ་མ་ཡེ་ཤེས་སེམས་དཔའི་ཚུལ་དུ་གསལ་བཏབ། དེ་སྐྱབས་གསུམ་ཀུན་འདུས་སུ་བསྒོམས་ནས་གསོལ་བ་འདེབས་པ་ སོགས་བྱ། དེའི་རྗེས་སུ་དགག་བྱའི་ཚད་གསལ་གདབ། ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་དགོས་པའི་སྤྱི་ཁྱབ་ལ་བརྟེན་ནས་བདེན་པར་གྲུབ་ནའང། བདེན་གྲུབ་ཀྱི་གཅིག་དང། དུ་མ་གང་རུང་ཡིན་དགོས་ [230B] བདག་རང་བཞིན་གྱིས་གྲུབ་ན། རང་གི་གདགས་གཞི་ཕུང་པོ་དང། བདེན་གྲུབ་ཀྱི་གཅིག་དང་ཐ་དད་གང་རུང་ཡིན་དགོས། བདེན་གྲུབ་ཀྱི་གཅིག་ཡིན་ན། ཕུང་པོ་ལྔ་ཡོད་པ་བཞིན་དུ་བདག་ ཀྱང་མང་པོར་འགྱུར། བདེན་གྲུབ་ཀྱི་ཐ་དད་ཡིན་ན། འབྲེལ་མེད་དོན་གཞན་གྱི་ཐ་དད་དུ་འགྱུར་བས། ཕུང་པོ་རེ་རེ་ནས་གསལ་བའི་འོག་ཏུ་ཡང། གང་ཟག་དམིགས་དགོས་པར་འགྱུར་ལ། དེ་གཉིས་ཀའང་མི་རིགས་ པའི་ཕྱིར་ན། བདག་ཡུལ་གྱི་སྟེང་ནས་གྲུབ་པ་མེད་ཅེས་དང། ཕུང་པོ་རྣམས་ཀྱང་བདེན་པར་གྲུབ་ན། རང་རང་གི་ཆ་ཤས་རྣམས་དང། བདེན་གྲུབ་ཀྱི་གཅིག་དང་ཐ་དད་གང་རུང་ལས་མི་འདའ་བའི་སྔ་མའི་རིགས་ འགྲོས་ཀྱི་སྐྱོན་ཡོད་པས་དེ་རྣམས་ཀྱང་རྨི་ལམ་གྱི་སྐབས་ཀྱི་གདགས་གཞིའི་ཆོས་རྣམས་དང་འདྲ་བར་ཡུལ་གྱི་སྟེང་ནས་གྲུབ་པ་མེད་ཅེས། གསལ་བཏབ་ནས། ད་ནི་འདི་ལས་མ་ཡེངས་པར་བྱའོ་སྙམ་དུ་འཕེན་ པ་ཤུགས་ཅན་ཞིག་བཏང་སྟེ། བར་སྐབས་སུ་རིགས་པས་དཔྱད་པ་མི་བྱེད་པར་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་ནི། སྟོང་ཉིད་ལ་དམིགས་པའི་ཞི་གནས་བསྒོམ་ཚུལ་དང། གནས་ཆ་ཅུང་ཟད་རྙེད་པའི་མཚམས་ནས་ སེམས་བྱིངས་གནས་ཆ་ལས་མ་གཡོས་བཞིན་པའི་ངང་ནས། བློའི་ཟུར་ཞིག་གིས་བར་སྐབས་བར་སྐབས་སུ་ཅུང་ཟད་དཔྱོད་པ་སྤེལ་གྱིན་བསྒོམ་པ་ལྷག་མཐོང་བསྒོམ་ཚུལ་ཡིན་ལ། དེ་ཡང་སྔ་མ་ལ་རྩེ་ [231A]༄༅། །གཅིག་ཏུ་གནས་སྟོབས་ཀྱིས་ཤིན་སྦྱངས་དྲངས་པ་ན། ཞི་གནས་མཚན་ཉིད་པ་དང། ཕྱི་མ་ལ་དཔྱད་སྟོབས་ཀྱིས་ཤིན་སྦྱངས་དྲངས་པ་ན། ལྷག་མཐོང་དང་ཟུང་འབྲེལ་སོགས་སུ་འགྱུར་ ཞིང། ཤིན་སྦྱངས་མ་ཐོབ་གོང་དུ་ནི། སྔ་མ་ཞི་གནས་རྗེས་མཐུན་པ་དང། ཕྱི་མ་ལྷག་མཐོང་རྗེས་མཐུན་པའི་སྐྱོང་ཚུལ་ཙམ་དུ་འགྱུར་རོ། །སྒོམ་ཅི་འདྲ་ཞིག་ལ་ཡང་དམིགས་པ་དེ་དམ་སྦྲིང་གིས་འཛིན་པའི་ དྲན་པ་དང། བློའི་ཟུར་ཞིག་གིས་དམིགས་པ་དེ་བློའི་ཡུལ་ནས་ཤོར་མ་ཤོར་སོགས་བལྟ་བའི་ཤེས་བཞིན་སྐྱོང་ཚུལ་གལ་ཆེ་ཞིང། ད་ལྟ་གང་དག་བྱིང་བ་ཕྲ་མོ་བསགས་པ་ལའང། སྒོམ་རྣམ་དག་ཏུ་འཁྲུལ་ ཞིང། ལྷག་པར་ང་ལྟ་བུ་དེ་དབུ་མའི་ལྟ་བ་མཐར་ཐུག་ཏུ་འདོད་པ་དང། སྔགས་བླ་མེད་ཀྱི་རྫོགས་རིམ་གྱི་བདེ་སྟོང་དུ་འདོད་པ་སོགས་སྒོམ་ལ་འཁྲུལ་གཞི་ཤིན་ཏུ་ཆེ་བས། དེ་དག་གི་གེགས་སེལ་ཚུལ་སོགས་ ཞིབ་པར་ནི་བྱང་ཆུབ་ལམ་གྱི་རིམ་པ་ལས་ཤེས་པར་བྱའོ། །དེ་ལྟར་འབད་ལས་བྱུང་བའི་དགེ་བ་དེས། །ཀུན་གྱིས་ཟབ་མོའི་དོན་འདི་རྟོགས་གྱུར་ཏེ། །འཁོར་བའི་རྒྱ་མཚོ་ཆེ་ལས་མྱུར་ཐར་ནས། །བླ་མེད་བྱང་ཆུབ་ གོ་འཕང་ཐོབ་པར་ཤོག་ཅེས་པ་འདི་ནི་རང་གི་སློབ་མ་སྡེ་སྣོད་འཛིན་པ་མང་པོ་ཞིག་གིས། འཕྲལ་མར་བཤར་བསྒོམ་དུ་བསྐྱངས་ཆོག་པའི་ལྟ་བའི་འཁྲིད་ཡིག་ཉུང་དུ་ཞིག་དགོས་ཅེས་བསྐུལ་བའི་དོན་དུ་ [231B]། །།